འབྲུག་གི་དངུལ་ཁང་གི་སྐོར།
འབྲུག་གི་དངུལ་ཁང་འདི་ མི་དབང་མངའ་བདག་རྒྱལ་པོའི་བཀའ་ཁྲིམས་ཐོག་ལུ་ སྤྱི་ལོ་ ༡༩༦༨ ཟླ་ ༥ པའི་ནང་ལུ་ གཞི་བཙུགས་འབད་ཡོད་པའི་ དངུལ་ཁང་རྙིང་ཤོས་ཅིག་ཨིན། དངུལ་ཁང་དེ་གིས་ སྤྱི་ལོ་ ༡༩༨༢ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གཞི་བཙུགས་མ་འབད་བའི་རིང་ལུ་ འབྲུག་གི་དངུལ་ཁང་ལྟེ་བ་སྦེ་ཕྱག་ཞུ་ཡོདཔ་ད་ དངུལ་ཁང་འདི་ གཞུང་དབང་ལས་སྡེའི་ཚོང་འབྲེལ་དངུལ་ཁང་ཅིག་སྦེ་ འབྲུག་གི་ཚོང་ལས་བཅའ་ཁྲིམས་ ༢༠༠༠ ཅན་མ་འོག་ལུ་ ཐོ་བཀོད་འབད་དེ་ཡོདཔ་ཨིན། སྤྱི་ལོ་ ༡༩༩༧ ཚུན་ འབྲུག་རྒྱལ་ཁབ་ནང་ལུ་ དངུལ་འབྲེལ་གི་དོན་ལུ་ དངུལ་ཁང་འདི་གཅིག་ལས་མེདཔ་ཨིན།
ད་རེས་ནངས་པ་ འབྲུག་གི་དངུལ་ཁང་འདི་ རྒྱལ་ཁབ་ནང་ལུ་ ཚོང་དང་འབྲེལ་བའི་དངུལ་ཁང་སྦོམ་ཤོས་ཅིག་ཨིནམ་མ་ཚད་ དངུལ་ཁང་གི་ཡན་ལག་ཡིག་ཚང་ ཡོངས་བསྡོམས་ ༤༧ གཞི་བཙུགས་འབད་དེ་ཡོདཔ་ལས་ རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ དང་ ཁྲོམ་ཚོགས་སྦོམ་ཤོས་ཚུ་ནང་ དངུལ་ཁང་འདི་གིས་ཁྱབ་སྟེ་ཡོདཔ་ཨིན། སྤྱི་ལོ་ ༢༠༠༩ ལུ་ འབྲུག་གི་དངུལ་ཁང་གིས་ དངུལ་འབྲེལ་ལས་དོན་གྱི་དོན་ལས་ཐབས་ལམ་གཙོ་བོ་ཅིག་ཆ་འཇོག་འབད་བའི་རྗེས་སུ་ དངུལ་ཁང་དང་འབྲེལ་བའི་ཞབས་ཏོག་ཚུ་ རང་བཞིན་གྱིས་འཇམ་ཏོང་ཏོ་དང་ཡར་རྒྱས་སོང་སྟེ་ཡོདཔ་ཨིན། དེ་བསྒང་ དངུལ་བཏོན་འཕྲུལ་ཆས་དང་ ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ལས་དོན་ འགྲུལ་འཕྲིན་ཐོག་གི་སྒེར་དང་ལས་སྡེའི་དངུལ་འབྲེལ་ལས་དོན་ (ཨེམ་བྷོབ) གི་ཞབས་ཏོག་ཚུ དངུལ་ཁང་དང་འབྲེལ་བའི་ཞབས་ཏོག་ཕུལ་ནིའི་དོན་ལུ་ ཐབས་ལམ་ཅིག་སྦེ་འགོ་བཙུགས་ཏེ་ཡོདཔ་ཨིན།
སྤྱི་ཚེས་ ༣༡/༡༢/༢༠༡༦ ལུ་འབད་བ་ཅིན་ དངུལ་ཁང་གི་མ་རྩ་དེ་ཡང་ དངུལ་ཀྲམ་ས་ཡ་ ༣༠༠༠ དེ་ཅིག་ཡོདཔ་ད་ དེ་གི་བགོ་བཤའ་འཆང་མི་འདི་ འབྲུག་རྒྱུ་ནོར་གཞི་བཟུང་དང་ རྒྱ་གར་རྒྱལ་ཁབ་ཀྱི་ རྒྱ་གར་གཞུང་གི་དངུལ་ཁང་ ཨེསི་ཀྲེཌ་བེང་ཨོཕ་ཨིན་དྲི་ཡ་གཉིས་ཀྱིས་ ཆ་ཚད་འབད་བ་ཅིན་ ༨༠:༢༠ སྦེ་འཆང་སྟེ་ཡོདཔ་ཨིན། འབྲུག་གི་དངུལ་ཁང་འདི་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ མི་མང་གི་ལས་འཛིན་ཅིག་སྦེ་ བདག་དབང་མ་མཛད་པའི་ཧེ་མ་ དངུལ་རྩིས་ལྷན་ཁག་འོག་ལུ་སྡོད་ཡོདཔ་ད་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ བདག་དབང་དེ་ཡང་ སྤྱི་ལོ་ ༢༠༠༧ ལུ་མཛད་དེ་ཡོདཔ་ཨིན།
འབྲུག་གི་དངུལ་ཁང་གིས་ དངུལ་དང་འབྲེལ་བའི་འཐོན་སྐྱེད་དང་ ཞབས་ཏོག་ཚུ་ ཁག་མ་འདྲཝ་སྦེ་ཕུལ་དོ་ཡོདཔ་ཨིན། དེ་ཡང་ དངུལ་བཙུགས་ནི་དང་བསྐྱིན་འགྲུལ་ ཚོང་འབྲེལ་གྱི་དངུལ་དང་དངུལ་ཚོང་སྒྱུར་ དེ་བཟུམ་སྦེ་རང་ ཚོང་མགྲོན་པ་ཚུ་ལུ་ དངུལ་བཏོན་ནི་དང་གསོག་འཇོག་འབད་ནི་ལ་སོགས་པའི་ ཞབས་ཏོག་ཚུ་ཕུལ་དོ་ཡོདཔ་ཨིན། འབྲུག་གི་དངུལ་ཁང་འདི་ ཝི་ཟ་དང་མསི་ཊར་ཀཌ་གི་འཐུས་མི་ཅིག་འབདཝ་ལས་ དེ་དང་བསྟུན་པའི་ཞབས་ཏོག་ཚུ་ཡང་ ཉོ་བཙོང་གི་དངུལ་བྱང་དང་དངུལ་བཏོན་ཤོག་བྱང་ཚུ་ སྤྲོད་ནི་དང་སྤྱོད་ནི་ཚུ་ཚུདཔ་ཨིན། དེ་བམཟུམ་སྦེ་རང་ དངུལ་ཁང་དེ་གིས་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་གྱི་ཞབས་ཏོག་ཚུ་ཡང་ ཕུལ་དོ་ཡོདཔ་ཨིན། དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ཧེང་སྐལ་ སྟབས་བདེ་ཏོག་ཏོ་བཟོ་ཐབས་དང་ དངུལ་ཁང་གིས་ཁྱབ་སྟེ་ཡོད་མི་དང་ དངུལ་ཁང་གིས་ཁྱབ་སྟེ་མེད་པའི་ མི་སྡེ་གཉིས་ཆ་ར་ལུ་ ཞབས་ཏོག་ཞུ་ཐབས་ཀྱི་དོན་ལུ་ འབྲུག་གི་དངུལ་ཁང་གིས་ སྤྱི་ལོ་ ༢༠༡༥ ཟླ་ ༥ པའི་ཚེས་ ༡༥ ལུ་ ཨེམ་བྷོབ་གྱི་ཞབས་ཏོག་འགོ་བཙུགས་ཡོདཔ་ཨིན། དེ་གིས་ འགྲུལ་འཕྲིན་མེ་བཱེལ་ལག་ལེན་འཐབ་མི་ཚོང་མགྲོན་པ་ཚུ་ལུ་ ས་གནས་ག་སྟེ་ལས་འབད་རུང་ དུས་ནམ་དགོཔ་ཅི་ དངུལ་ཁང་གི་ཞབས་ཏོག་ཐོབ་ཚུགསཔ་ བཟོ་སྟེ་ཡོདཔ་ཨིན། འགྲུལ་འཕྲིན་ཐོག་ལས་ དངུལ་འབྲེལ་གྱི་ཞབས་ཏོག་སྤྱོད་ཚུགསཔ་བཟོ་སྟེ་ ཁེ་ཕན་སྦོམ་བྱུང་ཡོད་མི་ལུ་བརྟེན་ ཨེམ་བྷོབ་གི་ཞབས་ཏོག་དེ་གིས་ ལས་སྡེ་གི་དངུལ་འབྲེལ་གྱི་ལཱ་དང་ དངུལ་ཁང་གི་ཞབས་ཏོག་ཁྱབ་སྟེ་མེད་པའི་ མི་སྡེ་ཚུ་ལུ་ཡང་ ཁེ་ཕན་སྦོམ་སྦེ་རང་ཐོབ་སྟེ་ཡོདཔ་ཨིན།
འཆར་སྣང་།
རྒྱལ་ཁབ་ཀྱི་གདམ་ཁ་ཅན་གྱི་དངུལ་འབྲེལ་གཙུག་སྡེ་ཅིག་སྦེ་བཟོ་ནི།
དམིགས་ལཱ།
- དངུལ་འབྲེལ་གྱི་ལས་སྡེ་ཚུ་དུས་དང་འཁྲིལ་ལེགས་བསྒྱུར་དང་རྒྱ་སྐྱེད་བཏང་སྟེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ འཕྲོ་འཐུད་ཀྱི་ཕན་རོགས་འབད་ནི།
- འབྲུག་རྒྱལ་ཁབ་ཀྱི་མི་སེར་ལུ་ དངུལ་དང་འབྲེལ་བའི་ཞབས་ཏོག་ཆ་ཚང་ཕུལ་ནི།
- ཚོང་མགྲོན་པ་ཚུ་ བསམ་པ་རྫོགས་ཐབས་ཀྱི་དོན་ལུ་ ཚོང་མགྲོན་པ་གཙོ་བོ་བཏོན་པའི་ཞབས་ཏོག་ཕུལ་ནི།
- འཕྲུལ་ཆ་གསརཔ་དང་ ལམ་ལུགས་དྲག་ཤོས་ དེ་ལས་ སྤྲོ་བ་དང་ དང་འདོད་ཅན་གྱི ཁྱད་རིག་ཚུ་གི་ཐོག་ལས་ འཇོན་ཐངས་ཅན་གྱི་ཞབས་ཏོག་སྤྲོད་ནི།
གཞི་རྩ།